སྒང་དགོན་གནས་མཆོག་ལ་བསྟོད་པ།
发布时间:2019-09-12 15:59:17 | 来源:就吃素

图片

图片

图片


རྒྱལ་བས་བསྔགས་པའི་མདོ་ཁམས་སྨད་ལྗོངས་འདིར། 

འགྲོ་མགོན་འཕགས་པ་བློ་གྲོས་རྒྱ་མཚོ་ཡིས།  

ཞབས་ཀྱིས་བཅག་ཞིང་བྱིན་གྱིས་བརླབས་པའི་གནས།

རིགས་གསུམ་སྒྱུ་འཕྲུལ་ས་སྐྱའི་གངས་རི་ལས།།།

ལེགས་འོང་ཟབ་ཆོས་རྒྱུན་ལ་ལོངས་སྤྱོད་པའི།  

གནས་མཆོག་སྒང་མཛེས་དགོན་འདི་ཨེ་མ་རྨད།

ཕྱི་ལྟར་སྤྱོད་ལམ་རྣམ་བཞི་ལེགས་པར་གཅེས།

ནང་ལྟར་བྱང་ཆུབ་སེམས་ཀྱི་རྒྱུད་ཕྱུག་པའི།

སྤྲུལ་པ་མངའ་བརྙེས་གྲུབ་ཐོབ་སྤུན་བདུན་དང་། 

མཁས་གྲུབ་ལྡན་པའི་མཁན་སྤྲུལ་རྣམ་པ་ཚོ། 

མང་ཐོས་སྡོམ་བརྩོན་རྒྱ་མཚོའི་བླ་གྲྭ་རྣམས།

ལེགས་པར་བསྐྲུན་པའི་སྒང་མཛེས་དགོན་འདི་རྨད། 

ཀ་ཁ་གནས་ལ་བརྩོན་པའི་རིག་གནས་གླིང་།  

མདོ་རྒྱུད་འཆད་ཉན་སྤེལ་བའི་བཤད་སྒྲུབ་གླིང་། 

བསྙེན་སྒྲུབ་ལས་ལ་སྦྱོར་བའི་བསམ་གཏན་གླིང་། 

དུས་མཆོད་སྒྲུབ་པ་ཚོགས་པའི་འཕེལ་རྒྱས་གླིང་།

འདི་ཕྱིའི་སྡིག་སྒྲིབ་སྦྱང་བྱེད་ཆོས་འཁོར་གླིང་།

གླིང་ལྔ་ལྡན་པའི་སྒང་མཛེས་དགོན་འདི་རྨད། 

ནེ་གསིང་གཡུ་ཡི་མཎྜལ་བཀོད་འདྲའི་སྟེང་།

མཚོ་དང་ཚེ་འུ་ལྷ་བྱས་གསུང་སྙན་སྒྲོགས།

དཀར་དམར་མེ་ཏོག་གཡུ་སྦྲང་བུང་བ་ལྡིར།

མཛེས་པའི་གངས་ཅན་བུ་དང་བུ་མོ་ཡིས། 

དགའ་སྤྲོ་སྐྱིད་གླུའི་འདོད་ཡོན་དཔལ་ལ་རོལ།

ཡུལ་སྐྱིད་སྒང་མཛེས་དགོན་འདི་ཨེ་མ་རྨད།

 དཔལ་ལྡན་བླ་མ་རྣམས་ཀྱི་གཟི་བྱིན་གཅིག

ཆོས་སྐྱོང་དཔལ་ལྡན་ལྷ་མོའི་ནུས་མཐུ་གཉིས

སྒང་མཛེས་བླ་གྲྭ་ཡོངས་ཀྱི་དཀའ་ངལ་གསུམ། 

དད་ལྡན་སྦྱིན་པའི་བདག་པོའི་འབྲེལ་བཟང་བཞི།

བཀྲ་ཤིས་བརྩེ་ཆེན་ལྷ་ཁང་ལེགས་གྲུབ་འདིར།

 དགོན་སྡེ་ལྷན་དུ་འཛོམས་པའི་དུས་འདི་རྨད།།

བླ་མའི་སྐུ་ཚེ་རབ་ཏུ་བརྟན་གྱུར་ནས། 

དགེ་འདུན་ཐུགས་མཐུན་ཁྲིམས་གཙང་རབ་རྒྱས་ཞིང་། 

སྦྱིན་བདག་ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས།

ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ལེགས་ཞིང་།  

མི་ནད་ཕྱུགས་ནད་དུས་འཁྲུགས་རྒྱུན་ཆད་ནས། 

བདེ་སྐྱིད་བསྐལ་བཟང་མྱུར་དུ་འཆར་བར་སྨོན།།

ཅེས་པ་སྒང་མཛེས་དགོན་པའི་མཁན་མིང་འཛིན་པ་

   ཐུབ་བསྟན་ཚུལ་ཁྲིམས་འོད་ཟེར་ནས།

རབ་བྱུང་༡༧པའི་མེ་སྤྲེལ་ལོའི་བོད་ཟླ་༧པའི་ཚེས་༡༡ཉིན་

བརྩེ་ཆེན་ལྷ་ཁང་ཆེན་མོ་མཛད་སྒོའི་རྗེས་དྲན་ཚུལ་དུ་

ཕུལ་བས་དགེ་ཞིང་ཤིས་པར་གྱུར་ཅིག་གུ།


提示:您可以通过浏览器菜单选择“文件 → 打印 → 另存为 PDF”来保存本页面。